ང་ཚོའི་སྐོར།
ང་ཚོས་ཉིན་རེའི་འཚོ་བའི་ནང་རྒྱུན་དུ་བཀོལ་སྤྱོད་བྱེད་བཞིན་པའི་འཕྲུལ་རིག་ཕལ་ཆེ་བ་ནི། འཛམ་གླིང་སྟེང་སྐད་ཆ་ཤོད་མཁན་ཆེས་མང་ཤོས་ཀྱི་གཙོ་རྒྱུག་སྐད་ཡིག་ཉུང་ཤས་ཤིག་གི་ཆེད་དུ་བཟོས་པ་ཤ་སྟག་ཆགས་ཡོད། སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་གིས་ང་ཚོ་རང་ཉིད་ལ་དབང་བའི་བོད་ཀྱི་སྐད་ཡིག་གི་ཆེད་དུ་དུས་ཀྱི་དགོས་མཁོ་དང་མཐུན་པའི་འཕྲུལ་རིག་སྣ་ཚོགས་གསར་སྐྲུན་བྱེད་བཞིན་ཡོད།
དགེ་བཤེས་བློ་བཟང་སྨོན་ལམ་མཆོག་གིས་གསར་འཛུགས་གནང་ཞིང་། རྒྱ་གར་དྷ་རམ་ས་ལར་རྟེན་གཞི་བྱས་པའི་ང་ཚོའི་ལྟེ་གནས་ཁང་འདི་ནི། ལྟོས་བཅས་ཀྱིས་ལས་ཞུགས་མི་སྣ་ཉུང་ཡང་ལས་དོན་ལ་འགན་འཁུར་གྱི་འདུ་ཤེས་གསལ་བའི་བོད་མིའི་བརྡ་འཕྲིན་ཆེད་ལས་ཀྱི་ཚོགས་པ་ཞིག་ཡིན། ང་ཚོས་དེང་རབས་འཕྲུལ་རིག་གི་བརྒྱུད་ལམ་ནས་སྐད་ཡིག་སྲུང་སྐྱོབ་དར་སྤེལ་ལ་སྨན་ཞིང་། ཐུན་མོང་ལ་དབང་བའི་ལས་དོན་གྲུབ་འབྲས་ལྡན་པ་རེ་འབྱུང་བར་འབད་བརྩོན་བྱས་དང་བྱེད་བཞིན་ཡོད། དེ་ནི་ལོ་རྒྱུས་ཀྱི་རྒྱུན་རིང་ཞིང་། ཤེས་རིག་གི་ནོར་གྱིས་གཏམས་པའི་སྐད་ཡིག་ཅིག་མུ་མཐུད་གཅེས་ཉར་རྒྱུན་འཛིན་བྱེད་པ་དང་ཆབས་ཅིག དེང་རབས་མིས་བཟོས་རིག་ནུས་འཕེལ་རྒྱས་ཀྱི་གོམ་སྟབས་དང་འགྲོགས་ཏེ་སྤོབས་པ་ཆེན་པོས་མདུན་མཆོང་བྱ་རྒྱུ་དེ་ཡིན། དེར་བརྟེན། ང་ཚོའི་ལས་གཞི་ཀུན་གྱི་སྙིང་པོ་ལྟ་བུ་སྟེ་“སྨོན་ལམ་རིག་ནུས་”ནི་བོད་ཀྱི་སྐད་ཡིག་གཞིར་བཟུང་སྟེ་བསྐྲུན་པའི་ཐོད་བརྒལ་གྱི་གྲངས་འཛིན་སྟེགས་བུ་ཞིག་ཡིན།
མིས་བཟོས་རིག་ནུས་ཀྱིས་འཛམ་གླིང་ཁྱོན་ཡོངས་ཀྱི་སྤྱི་ཚོགས་ཁག་གི་ཤེས་བྱ་བསྡུ་ལེན་དང་ཤེས་ཡོན་མཉམ་སྤྱོད་ལ་རྨང་ནས་བསྒྱུར་བཅོས་གཏོང་བཞིན་པའི་དུས་སྐབས་འདིར། ངོ་མཚར་ལྡན་པའི་བོད་ཀྱི་གནའ་བོའི་ཤེས་རབ་དང་། དེས་བསྐྱེད་པའི་ཐུན་མོང་མིན་པའི་ལྟ་གྲུབ་ཁག་གིས་འཛམ་གླིང་སྤྱིའི་ཕན་བདེ་ལ་ནུས་པ་ཆེན་པོ་ཞིག་འདོན་ཐུབ་པར་ང་ཚོས་ཡིད་ཆེས་བྱེད་ཀྱིན་ཡོད།
ཕྱི་ལོ་ ༢༠༢༣ ཟླ་ ༡༡ ཚེས་ ༣ གྱི་ཞོགས་པར། ང་ཚོས་ལས་གཞི་འདིའི་ཆེས་ཐོག་མའི་ཚོད་ལྟའི་དཔེ་གཞི་དེ་སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་སྤྱན་འབུལ་ཞུས་པ་ཡིན་ལ། ཉིན་དེའི་ཕྱི་དྲོར། དབུས་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་དང་། སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་ལགས་རྣམ་གཉིས་ལྷན་བཞུགས་ཐོག་སྟེགས་བུ་འདི་ཉིད་དངོས་སུ་ཡོངས་ཁྱབ་འགྲེམས་སྤེལ་གྱི་དབུ་འབྱེད་མཛད་སྒོ་ཚོགས་པ་ཡིན། འདི་ནི་ང་ཚོ་སྤོབས་པ་སྐྱེ་འོས་པའི་དུས་སྐབས་ཤིག་ཡིན་མོད། འོན་ཀྱང་དེ་ནི་ང་ཚོས་གཞི་རྒྱ་ཆེ་བའི་ལས་འཆར་དེ་ཐུན་མོང་གི་ལོངས་སྤྱོད་དུ་གོམ་པ་དང་པོར་སྤོས་པ་ཙམ་ཡིན།

གཞི་གྲངས་དཀོན་པའི་དཀའ་ངལ་སེལ་ཐབས།
འཕྲུལ་རིག་ལས་རིགས་ཁྲོད། བོད་ཡིག་ནི་གྲངས་འཛིན་ཅན་གྱི་གནས་ཚུལ་དང་རྒྱུ་ཆ་ཉུང་བའི་ (Low-resource language) སྐད་ཡིག་ཅིག་གི་ཁོངས་སུ་རྩི་བཞིན་ཡོད། དེ་ཡང་གོ་སླ་བར་བཤད་ན། འཕྲུལ་ཆས་ཤིག་ལ་བོད་ཀྱི་སྐད་ཡིག་གི་ཟབ་ཚད་དང་། ཚིག་དོན་གྱི་ཉམས་འགྱུར། བརྗོད་བྱའི་ཁྱབ་ཁོངས་བཅས་ལ་གོ་བ་ཚུལ་བཞིན་ལེན་དུ་འཇུག་པར། ད་སྔར་གྲངས་འཛིན་གཞི་གྲངས་ (Digital data) ལྡེང་ངེས་ཤིག་གཏན་ནས་མེད་པ་དེ་ཡིན།
འོན་ཀྱང་། ང་ཚོས་འདི་ནི་ནམ་ཡང་བརྒལ་མི་ཐུབ་པའི་འགག་འཕྲང་དང་རབས་ཁ་ཞིག་ཏུ་མ་བརྩིས་པར། འཕྲུལ་རིག་བཟོ་སྐྲུན་ཁྲོད་ཀྱི་འགྲན་རྩོད་སྦྱོང་བརྡར་ཞིག་ལ་ངོས་འཛིན་དང་འབྲེལ། གཞུང་སྒེར་གཉིས་ཀྱི་མཉམ་ལས་བྱེད་མཁན་ཁག་དང་ལྷན་དུ་འབྲེལ་ལམ་རྒྱུན་འཁྱོངས་བྱས་ཤིང་། རྨང་གཞི་ནས་འགོ་བཙུགས་ཏེ་གཞི་གྲངས་མཛོད་ (Datasets) རྣམས་རེ་རེ་བཞིན་མིའི་ལག་པར་བརྟེན་ནས་བཟོ་སྒྲིག་བྱེད་བཞིན་ཡོད། ཚུལ་འདིས་རྒྱུ་ཆ་དཀོན་པོ་དང་མཐུན་རྐྱེན་ཞན་པོ་ཡིན་པ་དེ། རྗེས་ལུས་སུ་ཐེབས་དགོས་པའི་རྒྱུ་མཚན་ནམ་ཁ་གཡར་ས་ཞིག་མིན་པ་ང་ཚོས་ར་སྤྲོད་བྱེད་ཀྱིན་ཡོད་ལ། འདིས་རང་ཉིད་ཀྱི་རྨང་གཞི་དེ་རང་ཉིད་ཀྱིས་བསྐྲུན་དགོས་པ་དེའང་མཚོན་བཞིན་ཡོད།

ཕན་ཚུན་འབྲེལ་བའི་ཐོན་དངོས་མ་ལག
ང་ཚོའི་ལས་དོན་ནི་ཐབས་ཇུས་ཙམ་གྱི་སྒོ་ནས་སྐད་ཡིག་སྲུང་སྐྱོབ་བྱེད་པ་ལས་བརྒལ་ཏེ། གཙོ་ཆེར་ཐོན་དངོས་འཛིན་སྐྱོང་གི་འཆར་གཞི་ལ་གཞི་བཅོལ་ནས་ལག་བསྟར་བྱེད་བཞིན་ཡོད་པས། ང་ཚོས་ཕན་ཚུན་འབྲེལ་མེད་ཀྱི་ཡོ་ཆས་ཕྱོགས་རེ་བ་རེ་འགྲེམས་སྤེལ་བྱེད་ཨེ་ཐུབ་བལྟ་རྒྱུ་དེ་མིན་པར། བོད་ཀྱི་སྐད་ཡིག་འདི་ཉིད་སྐྱེ་བོ་སུས་ཀྱང་དཀའ་ཚེགས་མེད་པར་ཅི་དགར་བཀོལ་སྤྱོད་བྱེད་ཐུབ་པའི་གཅིག་གྱུར་གྱི་གྲངས་འཛིན་འབྲེལ་མཐུད་མ་ལག་ཅིག་གསར་སྐྲུན་བྱེད་བཞིན་ཡོད། ད་ལྟའི་ཆར་མ་ལག་དེའི་ནང་དུ་ཡོད་པ་ནི་གཤམ་གསལ་ཁག་སྟེ།
- ཡིག་སྒྱུར་རིག་ནུས། (Machine Translation) — དབྱིན་ཡིག་ནས་བོད་ཡིག་དང་། བོད་ཡིག་ནས་དབྱིན་ཡིག་ཏུ་སྒྱུར་བའི་ནུས་པ་ཡོད་པ།
- ཡིག་གཟུགས་ངོས་འཛིན་རིག་ནུས། (OCR) — བོད་ཡིག་ཅན་གྱི་པར་རིས་དང་ཡིག་ཆ་རྣམས་གྲངས་འཛིན་ཡིག་གཟུགས་སུ་སྟབས་བདེར་སྒྱུར་ཐུབ་པ།
- སྒྲ་འཛིན་རིག་ནུས། (Speech-to-Text) — བོད་པའི་སྒྲ་སྐད་རྣམས་འཕྲལ་དུ་ཡི་གེར་སྒྱུར་ཐུབ་པ།
- ཀློག་འདོན་རིག་ནུས། (Text-to-Speech) — བོད་ཀྱི་ཡི་གེ་ཅི་རུང་བོད་སྐད་ཀྱི་ལམ་ནས་ཀློག་ཐུབ་པ།
- མེ་ལོང་རིག་ནུས། (Melong.ai) — སྐད་ཡིག་མི་འདྲ་བ་ ༡༤༠ ལྷག་ལ་རྒྱབ་སྐྱོར་བྱེད་ཅིང་། ཡི་གེ་དང་པར་རིས་གཉིས་ཀ་དང་ལེན་བྱེད་ཐུབ་པའི་སྐད་ཡིག་དང་བརྒྱུད་ལམ་སྣ་ཚོགས་ཅན་གྱི་སྟེགས་བུ་ཞིག་ཡིན། འདིས་ཞིབ་འཇུག་དང་། སྐད་ཡིག་སློབ་སྦྱོང་། ཚིག་དོན་དཔྱད་ཞིབ་བཅས་ཀྱི་ཆེད་དུ་རིག་ནུས་ཀྱི་ལག་ཆ་མཁོ་འདོན་བྱེད་ཐུབ།
ང་ཚོའི་ལྟེ་གནས་ཁང་འདིས་ད་ལྟ་མུ་མཐུད་དུ་སྒྲུབ་བཞིན་པའི་ལས་གཞི་གཞན་གྱི་ཁྲོད་དུ། ཁུངས་ཕེར་ཚད་ཐུབ་ཀྱི་ཚིག་དོན་ཀུན་བཏུས་ཀྱིས་རྩོམ་སྒྲིག་བྱེད་བཞིན་པའི་“སྨོན་ལམ་ཚིག་མཛོད་ཆེན་མོ་”དང་། གྲངས་འཛིན་ཅན་གྱི་བརྒྱུད་ལམ་ཁག་ཏུ་བོད་ཡིག་བཀོལ་སྤྱོད་ལ་ཐད་ཀར་གཞོགས་འདེགས་ཐུབ་པའི་བོད་ཡིག་གི་ཡིག་གཟུགས་སྣ་ཚོགས་དང་། སྒྲིག་སྦྱོར་ཇུས་འགོད་ཀྱི་ལས་དོན་ཁག་ཀྱང་མུ་མཐུད་དུ་སྒྲུབ་བཞིན་ཡོད།

དངོས་ཡོད་མི་མང་ལ་གཞི་བཅོལ་བ།
ང་ཚོས་ང་ཚོའི་གྲུབ་འབྲས་ཀྱི་ཚད་གཞི་འཇལ་སྐབས། གསར་གཏོད་བྱས་པའི་འཕྲུལ་རིག་གི་ནུས་པ་རྐྱང་པ་ཙམ་ལ་མ་བལྟས་པར། འཕྲུལ་རིག་དེ་དག་དངོས་སུ་བཀོལ་སྤྱོད་བྱེད་མཁན་གྱི་དངོས་ཡོད་མི་མང་ལ་གཞི་བཅོལ་ནས་ཚད་འཇལ་བྱེད་བཞིན་ཡོད།
ད་ལྟའི་ཆར། “སྨོན་ལམ་རིག་ནུས་”ནི་ཟླ་རེར་ཆ་སྙོམས་ཀྱིས་དངོས་སུ་བཀོལ་སྤྱོད་བྱེད་མཁན་མི་གྲངས་ ༢༠,༠༠༠ སྐོར་གྱིས་ཡིད་ཆེས་བློ་གཏད་བྱ་སའི་སྟེགས་བུ་ཞིག་ཆགས་ཡོད། ང་ཚོའི་ཚབ་མཚོན་རང་བཞིན་གྱི་དཔེ་གཞི་གཙོ་བོ་སྟེ་“སྨོན་ལམ་མེ་ལོང་དབྱེ་ཞིབ་”(Monlam Think) ཀྱིས་ནམ་ཡང་ཚད་འཛིན་འོས་པའི་མིག་དཔེ་སྟོན་བཞིན་ཡོད་པས། ལྟེ་གནས་ཁང་རང་གིས་བོད་ཀྱི་ལོ་རྒྱུས་དང་རྩོམ་རིག་གི་ཚད་གཞིའི་ཐོག་ནང་ཁུལ་དུ་ཉམས་ཞིབ་བྱས་པའི་ཁྲོད། དཔེ་གཞི་འདིར་བརྒྱ་ཆ་ ༧༣% ཐོབ་ཡོད་པར་མ་ཟད། རྒྱ་གར་དབུས་འབྲིང་རིམ་ཤེས་ཡོན་ལྷན་ཚོགས་ (CBSE) ཀྱི་འཛིན་གྲྭ་བཅུ་གཉིས་པའི་བོད་ཡིག་ཡིག་རྒྱུགས་ནང་དུའང་བརྒྱ་ཆ་ ༧༡% སོན་པའི་གྲུབ་འབྲས་ཐོན་ཡོད།

མ་འོངས་ལོ་བཅུའི་འཆར་གཞི།
སྐད་ཡིག་དང་རིག་གཞུང་སྲུང་སྐྱོབ་རྒྱུན་འཛིན་དང་། དུས་ཀྱི་འགྱུར་འགྲོས་དང་དགོས་མཁོར་གཞིགས་ཏེ་དར་སྤེལ་བྱ་རྒྱུ་ནི་ལས་དོན་ཀུན་ལས་ཀྱང་ཧ་ཅང་གལ་འགངས་ཆེ་བ་ཞིག་ཡིན་པ་སྨོས་མེད་ཡིན་པས། ང་ཚོའི་ལས་གཞི་འདི་ནི་དེའི་ཕྱོགས་སུ་གོམ་ཁ་དང་པོར་སྤོས་པ་ཙམ་ཞིག་ཡིན། འོན་ཀྱང་། མ་འོངས་པའི་ལོ་ངོ་བཅུའི་ནང་། ང་ཚོས་བབ་བརླིང་བརྟན་གསུམ་གྱི་སྒོ་ནས་ཇི་ལྟར་ཕུགས་རྒྱང་རིང་བའི་དམིགས་ཡུལ་བཟུང་བ་དེ་ལྟར། བོད་ཀྱི་ཤེས་བྱ་རིག་པའི་མ་ལག་དང་། ནང་པའི་ལྟ་གྲུབ། རིག་གཞུང་གི་ཁྱད་ཆོས་བཅས་འཛམ་གླིང་གི་འཕྲུལ་རིག་ཡར་རྒྱས་ཁྲོད་དུ་བདེ་བླག་ངང་ཚུད་པར་བྱ་དགོས་པ་ཡིན། ང་ཚོས་འཛམ་གླིང་འདི་ཉིད་ཇི་སྲིད་མདུན་སྐྱོད་བྱེད་པ་དེ་སྲིད་དུ། བོད་ཀྱི་སྐད་ཡིག་གི་གོམ་འགྲོས་ཀྱང་དེ་དང་མཐུན་པར་དཔུང་པ་མཉམ་གཤིབ་ཀྱིས་མདུན་སྐྱོད་ཐུབ་པའི་གདེང་སྤོབས་དང་རེ་བ་བྱེད་བཞིན་ཡོད།